བོད་ཁུལ་གསར་འགྱུར།

གནོད་ཐེབས་མང་ཚོགས་རྣམས་མི་སྒུག་པ་དང་མི་བརྟེན་པའི་བློ་སེམས་སྐྱེས་ནས་རང་ཉིད་ཀྱིས་དཀའ་སྤྱད་ངལ་བརྩོན་ལས་གནོད་རྗེས་བསྐྱར་འཛུགས་བྱེད་པའི་ལས་ཀ་སྤེལ་བཞིན་ཡོད་པ།

སྤེལ་དུས།    2015-02-10

      

   ན་ལོའི་ཟླ་བ་༡༡པའི་ཚེས་༢༢ཉིན།དཀར་མཛེས་ཁུལ་དར་མདོ་རྫོང་ལ་ས་འགུལ་རིམ་པ་དྲུག་དང་ཚད་གསུམ་ཡོད་པ་ཞིག་བྱུང་ནས།ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་རྒྱུ་ནོར་བདེ་འཇགས་ལ་གནོད་སྐྱོན་དང་གཏོར་བཤིག་ཚབས་ཆེན་ཐེབས་ཡོད། 

       གནོད་སྐྱོན་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མཐོན་པོ་གནང་ཅིང་།ཀྲུང་དབྱང་ནོར་སྲིད་པུའུ་ཡིས་འཕྲལ་དུ་དར་མདོ་གནོད་ཐེབས་ས་ཁུལ་ལ་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་ཚོ༥༠༠༠གཏོང་སྤྲོད་བྱས་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱས་ཡོད་ལ།རྒུད་སྐྱོབ་གནོད་སེལ་བྱེད་པའི་ནང་དུ་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད། 

        ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ལས་ཀ་སྤེལ་བའི་ཁྲོད་དར་མདོ་རྫོང་གཡག་རྭ་ཤང་གི་ལས་བྱེད་མང་ཚོགས་རྣམས་མི་སྒུག་པ་དང་མི་བརྟེན་པའི་ཆོད་སེམས་བཅངས་ནས།རང་ཉིད་ཀྱིས་དཀའ་སྤྱད་ངལ་རྩོལ་ལས་གནོད་སེལ་བསྐྱར་འཛུགས་ལས་ཀ་སྤེལ་ཞིང་།འཚོ་བའི་གོ་རིམ་རྒྱུན་ལྡན་ཡོང་བ་བྱེད་པ་དང་།རྒྱལ་ཁབ་དང་སྲིད་གཞུང་གི་ཁུར་པོ་གཡང་དུ་གཏོང་རོགས་བྱས་ཡོད་པ་རེད། 

       

     མིག་སྔར།དཔྱིད་གསར་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་དང་བསྟུན་ནས།ངེད་ལས་ཁུངས་ཀྱི་གསར་འགོད་པས་གནོད་ཐེབས་ས་ཁུལ་ལ་སོང་ཏེ་གནོད་ཐེབས་མང་ཚོགས་རྣམས་དྲོད་སྐྱིད་ལྡན་པའི་དགུན་བརྒལ་ཐུབ་མིན་སྐོར་གནས་ཚུལ་རྒྱུས་ལོན་ཞིག་བྱས་ཡོད། 

      དཔྱིད་གསར་དུས་ཆེན་ལ་ཉེ་ལ་ཡོད་པའི་སྐབས་གཡག་རྭ་ཤང་གི་གནོད་ཐེབས་མང་ཚོགས་རྣམས་སྔོན་དང་འདྲ་བ་ལོ་སར་གཏོང་བའི་གྲ་སྒྲིག་ལས་ཀར་བྲེལ་བཞིན་ཡོད་པ་དང་།ཕྱི་ནང་ཀུན་ཏུ་གཙང་སྦྲ་ལེགས་པོ་བྱེད་བཞིན་འདུག   ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་ཁག་ཐེག་ཡོད་པ་དང་།གང་ཅིའི་ཐད་ནས་གྲང་འགོག་གི་ལས་ཀ་ཡག་པོ་བསྒྲུབ་ཡོད་པས།གནོད་ཐེབས་མང་ཚོགས་རྣམས་དྲོད་སྐྱིད་ལྡན་པའི་དགུན་ཞིག་བརྒལ་ཐུབ་རྒྱུ་ཡིན་པ་དང་།ཁྱིམ་མི་ཡོངས་དགའ་དགའ་སྤྲོས་སྤྲོའི་ལོ་སར་ཞིག་གཏོང་ཐུབ་རྒྱུ་ཡིན་པ་རེད།