བོད་ཁུལ་གསར་འགྱུར།

འཛམ་ཐང་རྫོང་གིས་ཐང་ཁ་དང་བོད་ཀྱི་ཟློས་གར།རྡོ་བརྐོས།བོད་ སྨན་དང་སྨན་བཅོས་བཅས་རྒྱུན་འཛིན་དང་སློབ་སྦྱོང་བྱེད་ས་གཉེར་ཡོད་པ།

སྤེལ་དུས།    2015-02-03

 

  

    ཉེ་བའི་ལོ་ཤང་རིང་ལ།རྔ་བ་ཁུལ་འཛམ་ཐང་རྫོང་གིས་ཤུགས་ཆེན་གྱི་སྒོ་ནས་རིག་གནས་ལ་བརྟེན་ནས་རྫོང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་ལེན་བྱས་ཏེ།ཐང་ཁ་དང་བོད་ཀྱི་ཟློས་གར།རྡོ་བརྐོས།བོད་སྨན་དང་སྨན་བཅོས་བཅས་རྒྱུན་འཛིན་དང་སློབ་སྦྱོང་བྱེད་ས་འཛུགས་སྐྲུན་བྱས་ནས།མི་རིགས་རིག་གནས་ཤུལ་རྫས་རྒྱུད་འཛིན་དང་དར་སྤེལ།གསར་སྦོལ་བྱེད་པ་བཅས་ཟུང་འབྲེལ་བྱས་ནས།རིག་གནས་ཐོན་ལས་དེ་འཛམ་ཐང་རྫོང་འགོམ་བརྒལ་གྱིས་འཕེལ་རྒྱས་ཡོང་བའི་འགུལ་ཤུགས་སྟོབས་ལྡན་དུ་གྱུར་བར་སྐུལ་མ་བཏང་ཡོད་པ་རེད། 

   ཇོ་ནང་ཐང་ཁ་སྒྱུ་རྩལ་དེ་རྒྱལ་ཁབ་ཀྱིས་དངོས་པོ་མིན་པའི་རིག་གནས་ཤུལ་རྫས་མིང་ཐོའི་ནང་བཞག་ཡོད་པ་རེད།སྤྱི་ལོ་༢༠༡༤ལོའི་ཟླ་བ་དྲུག་པར།ཇོ་ནང་ཐང་ཁ་རྒྱུད་འཛིན་དང་སློབ་སྦྱོང་བྱེད་པ་དེ་གཙང་བ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱས་ནས་འཛུགས་སྐྲུན་བྱས་ཡོད་པས།ད་ལྟར་ཆེད་ལས་སློབ་ཁྲིད་མི་སྣ་གསུམ་ཡོད་པ་དང་།སྤྱི་ཚོགས་ལ་ཁ་ཕྱོགས་ནས་སློབ་མ་བརྒྱ་དང་དགུ་བཅུ་གོ་བརྒྱད་བསྡུ་ལེན་བྱས་ཡོད་ཅིང་།སློབ་མའི་ལོ་ན་ཆེས་ཆུང་བ་དེ་ལོ་བཅོ་ལྔ་ཡིན་པ་དང་།ཆེས་ཆེ་བ་དེ་ལོ་སུམ་ཅུ་ལོན་ཡོད་པ་རེད།ཐང་ཁ་དང་བོད་ཀྱི་ཟློས་གར།རྡོ་བརྐོས།བོད་སྨན་དང་སྨན་བཅོས་བཅས་རྒྱུད་འཛིན་དང་སློབ་སྦྱོང་བྱེད་སའི་ནང་ཐང་ཁ་འབྲི་རྩལ་དང་ཐང་ཁ་སྐྱོ་སྦྱར་མཛེས་བཟོ།འཇིམ་རྐོས་བཅས་ཀྱི་ཆེད་ལས་སྦྱོང་ཚན་བཀོད་སྒྲིག་བྱས་ཡོད་ཅིང་།སློབ་མས་རང་རང་སོ་སོའི་དགའ་སྣང་དང་བྱེད་བཟོ་འདོད་པ།རིག་གནས་ཡོན་ཚད་ལྟར་ཁག་དབྱེ་ནས་ཆེད་ལས་མི་འདྲ་བ་གདམ་ཆོག་པ་དང་།དུས་མཚུངས་སུ་ཐང་ཁ་དང་བོད་ཀྱི་ཟློས་གར།རྡོ་བརྐོས།བོད་སྨན་དང་སྨན་བཅོས་བཅས་རྒྱུད་འཛིན་དང་སློབ་སྦྱོང་བྱེད་སའི་ནང་ད་དུང་ཆེད་དུ་བོད་ཡིག་དང་རྒྱ་ཡིག།རྩས་རིག་སོགས་རིག་ གནས་གསོ་སྦྱོང་སློབ་ཚན་ཁ་སྣོན་བྱས་ཏེ།སློབ་མ་རྣམས་ཀྱིས་ཐང་ཁ་འབྲི་ རྩལ་སྦྱོང་བ་ལས་གཞན་ད་དུང་དེ་མིན་གྱི་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་ཆོག་པ་རེད། 

     རིགས་སྣ་ཚོགས་ཀྱི་རྒྱུད་འཛིན་དང་སློབ་སྦྱོང་བྱེད་ས་འཛུགས་སྐྲུན་བྱེད་པ་བརྒྱུད་ནས།ཕུལ་བྱུང་རིག་གནས་གསར་སྦོལ་བྱེད་པ་དང་སྲུང་སྐྱོང་བྱེད་པ།དར་སྤེལ་གཏོང་བ་བཅས་ཀྱི་རྩ་བའི་ལམ་བུ་ཞིག་རྙེད་ཡོད་པ་དང་།ད་དུང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་དང་ཕྱུག་འགྱུར་ལམ་བུར་སྐྱོད་པའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད་པ་རེད།འཛམ་ཐང་རྫོང་རིག་གནས་ལུས་རྩལ་ཅུས་ཀྱི་འགན་ཁུར་བས་གསར་འགོད་པར་བཤད་རྒྱུར།མིག་སྔར་ཐང་ཁ་དང་བོད་ཀྱི་ཟློས་གར།རྡོ་བརྐོས།བོད་སྨན་དང་སྨན་བཅོས་བཅས་རྒྱུད་འཛིན་དང་སློབ་སྦྱོང་བྱེད་སའི་ནང་རིག་གནས་ཐོན་རྫས་སྣ་ མང་ཐོན་སྐྱེད་བྱས་པ་དེས་དཔལ་འབྱོར་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད་པར་བརྟེན།ཤང་དང་གྲོང་བ་དང་བྲལ་མི་དགོས་པ་དང་།ཞིང་ཁ་དང་འབྲོག་ཁུལ་བྲལ་མི་དགོས་པར་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་ཐུབ་པ་རེད་ ཟེར། 

  

                                                                                    ཡིག་སྒྱུར།གཡང་མཚོ།