རྒྱལ་ནང་གསར་འགྱུར།

ཞིང་ཆེན་ཏང་ཨུས་རྒྱུན་ཨུ་གྲོས་ཚོགས་འཚོགས་ནས།༢༠༡༤ལོ་ནས་༢༠༢༠ལོ་བར་སི་ཁྲོན་ཞིང་ཆེན་གྱི་དབྱིབས་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཆར་འགོད་ཞེས་པ་སོགས་ལ་ཞིབ་བཤེར་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་ཡོད་པ།

སྤེལ་དུས།    2015-02-27

     

     ཚེས་༢༦ཉིན་གྱི་ཕྱི་དྲོར།ཞིང་ཆེན་ཏང་ཨུས་རྒྱུན་ཨུ་གྲོས་ཚོགས་འཚོགས་ཏེ།སི་ཁྲོན་ཞིང་ཆེན་གྱི་དབྱིབས་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཆར་འགོད་༢༠༡༤ལོ་ནས་༢༠༢༠ལོའི་བར་ཞེས་པ་དང་གནས་བབ་གསར་པའི་འོག་མི་རིགས་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ།སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་ཐུན་མོང་གི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་འཆར་གཞི་ཞེས་པ་བཅས་ལ་ཞིབ་བཤེར་གྲོས་མོལ་བྱེད་པ་དང་།སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ་དཔྱད་བསྡུར་འདེམ་བསྐོ་བྱས་པར་གཟེངས་བསྟོད་གནང་རྒྱུའི་འབྲེལ་ཡོད་དོན་ཚན་སོགས་ལ་གྲོས་བསྡུར་ཀྱང་བྱས་ཡོད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་རྨིན་གྱིས་གྲོས་ཚོགས་ལ་གཙོ་འགན་བཞེས་ཡོད་པ་རེད། 

      གྲོས་ཚོགས་ལས་སི་ཁྲོན་ཞིང་ཆེན་གྱི་དབྱིབས་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཆར་འགོད་༢༠༡༤ལོ་ནས་༢༠༢༠ལོའི་བར་ཞེས་པར་ཞིབ་བཤེར་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་ཡོད།འཆར་འགོད་ཞེས་པ་ལས་༢༠༢༠ལོར་སླེབས་སྐབས་རང་རེའི་ཞིང་ཆེན་གྱིས་དབྱིབས་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་མཛུབ་སྟོན་བསམ་བློ་དང་།རྩ་བའི་རྩ་དོན།འཕེལ་རྒྱས་ཀྱི་དམིགས་ཡུལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་གཏན་འབེབས་གསལ་པོ་བྱས་ཡོད།འཆར་འགོད་ཞེས་པ་ལས་གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་སྤོ་སྐྱོད་མི་གྲངས་གྲོང་དམངས་ཅན་དུ་གྱུར་བ་བྱེད་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཁྱབ་སྟངས་དང་གནས་ཚུལ་ལེགས་སུ་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་ཞུགས་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཕུང་པོ་གཅིག་ཅན་ཡོང་བར་སྐུལ་འདེད་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་གཏོང་བའི་སྒྲིག་གཞི་ནང་རྐྱེན་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་རྒྱུ་སོགས་ཕྱོགས་བདུན་ཐད་ཀྱི་འཛུགས་སྐྲུན་ལས་འགན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

         གྲོས་ཚོགས་ཐོག་གནས་བབ་གསར་པའི་འོག་མི་རིགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པར་ཞིབ་བཤེར་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་ཡོད།བསམ་འཆར་ཞེས་པ་ལས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་པོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་།མི་རིགས་བར་ཕན་ཚུན་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ།མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་རྒྱུ།མི་རིགས་དོན་གཅོད་དོ་དམ་ཁྲིམས་སྐྱོང་ཅན་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ།མི་རིགས་ས་ཁུལ་འགོམ་བརྒལ་ཅན་འཕེལ་རྒྱས་ཡོང་བར་རྩ་འཛུགས་ཀྱི་ཁག་ཐེག་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཕྱོགས་ལྔའི་ཐད་ཀྱི་ལས་འགན་གཙོ་བོ་གཏན་འབེབས་གསལ་པོ་བྱས་ཡོད། 

        གྲོས་ཚོགས་ལས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ་དཔྱད་བསྡུར་འདེམ་བསྐོ་བྱེད་པར་གཟེངས་བསྟོད་གནང་བའི་ལས་ཀ་སྤེལ་རྒྱུ་སྙན་ཞུ་གནང་བའི་སྐོར་གྲོས་བསྡུར་བྱས་ཞིང་།སི་ཁྲོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ་མི་གྲངས་༨༠༠ལ་གཟེངས་བསྟོད་གནང་བའི་སྐོར་མོལ་མཐུན་བྱུང་ཡོད།གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་པར་ཞིབ་འཇུག་གནང་ཡོད། 

  

                                                                            ཡིག་སྒྱུར།བཀྲ་ཤིས་ཉི་མ།