རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཡོད་པ།

སྤེལ་དུས།    2015-02-26

    

     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་བ་༢པའི་ཚེས་༢༥ཉིན་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁང་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ།གོམ་གང་མདུན་སྤོས་ཀྱིས་ཁྲལ་ཉུང་གྲོན་དམའ་གཏོང་བའི་བྱེད་ཐབས་དང་།ཁེ་ལས་ཆུང་བའི་འཕེལ་རྒྱས་དང་ལས་རིགས་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུར་གཏན་འབེབས་བྱས་ཞིང་།ཆུ་བེད་ཨར་ལས་འཛུགས་སྐྲུན་གལ་ཆེན་མགྱོགས་སུ་གཏོང་རྒྱུ་དང་སྤྱི་པའི་ཐོན་རྫས་ཐད་མ་དངུལ་གཏོང་འཇོག་བྱས་ནས་གཏན་འཇགས་ངང་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བའི་སྒྲིག་གཞི་ལེགས་སྒྲིག་བྱེད་པར་བཀོད་སྒྲིག་གནང་ཡོད་ མ་ཚད་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མའི་ནང་རྒྱལ་ཁབ་ཀྱི་སློབ་དངུལ་ཁ་གསབ་རོགས་སྐྱོར་ཚད་གཞི་འཛིན་ས་མཐོར་འདེགས་སུ་བཏང་ནས།དབུལ་ཕོངས་ཀྱི་སློབ་མ་དང་འཇོན་ཐང་ཅན་གྱི་ཤེས་ལྡན་མི་སྣ་མཚར་ལོངས་ཡོང་བར་རོགས་སྐྱོར་བྱེད་རྒྱུ་གཏན་འབེབས་བྱས་ཡོད་པ་རེད། 

          གྲོས་ཚོགས་ལས་དུས་སྐབས་སྔ་མའི་ནང་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་གི་སྲིད་ཇུས་རབ་དང་རིམ་པ་ཕྱིར་འདོན་པའི་རྨང་གཞིའི་ཐོག་མུ་མཐུད་དུ་ཁེ་ལས་ཆུང་བ་དང་ལས་རིགས་གསར་སྐྲུན་ཐད་ཁྲལ་ཉུང་གྲོན་དམའ་གཏོང་བའི་ནུས་ཚད་ཤུགས་ཆེ་རུ་བཏང་ཡོད་པ་སྟེ།གཅིག་ནི་༢༠༡༥ལོའི་ཟླ་བ་༡པོའི་ཚེས་༡ཉིན་ནས་༢༠༡༧ལོའི་ཟླ་བ་༡༢པའི་ཚེས་༣༡ཉིན་གྱི་བར།ཁེ་ལས་ཀྱི་ཐོབ་པའི་དཔྱ་ཁྲལ་བསྡུ་ལེན་བྱེད་རྒྱུ་ཕྱེད་ཀ་མ་གཏོགས་མི་དགོས་པ་བྱེད་པའི་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།གཉིས་ནི་༢༠༡༥ལོའི་ཟླ་བ་༤པའི་ཚེས་༡ཉིན་ནས་བཟུང་ཚོད་ལྟ་བྱེད་པའི་མི་སྒེར་རང་ཉིད་ཀྱི་མ་རྐང་དབང་ཆ་དང་རྒྱུ་དབང་མི་འགུལ་པ།ལག་རྩལ་དང་གསར་གཏོད།གྲུབ་འབྲས་སོགས་དངུལ་ལོ་རང་བཞིན་མིན་པའི་རྒྱུ་ནོར་ལ་མ་དངུལ་གཏོང་འཇོག་བྱེད་པའི་ཁེ་ཕན་དངོས་དང་ཟུང་འབྲེལ་བྱས་ཏེ།ཐེངས་གཅིག་རང་བཞིན་གྱི་ཁྲལ་མཇལ་དགོས་པ་ནས་དུས་རིམ་དབྱེ་ནས་ཁྲལ་མཇལ་ཆོག་པའི་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་རྒྱལ་ཡོངས་སུ་གདལ་ཁྱབ་གཏོང་རྒྱུ་ཡིན་ཅིང་།དམངས་ཁྲོད་མི་སྒེར་རང་ཉིད་ཀྱི་མ་དངུལ་གཏོང་འཇོག་བྱེད་པའི་གསོན་ཤུགས་འཁྲུག་ཏུ་གཏོང་རྒྱུ་རེད།གསུམ་ནི་ལས་ཤོར་ཉེན་འགོག་གི་གྲོན་དངུལ་བསྡུ་ཚད་དེ་ད་ལྟ་ལག་བསྟར་བྱེད་པའི་སྒྲིག་སྲོལ་གཏན་འབེབས་ཀྱི་བརྒྱ་ཆ་གསུམ་ཡིན་པ་ནས་བརྒྱ་ཆ་གཉིས་མ་གཏོགས་མི་དགོས་པ་དམའ་རུ་གཏོང་རྒྱུ་རེད།ལས་ཁུངས་དང་མི་སྒེར་རང་ཉིད་ཀྱིས་གྲོན་དངུལ་སྤྲོད་པའི་ཞིབ་ཕྲའི་བསྡུར་ཚད་དེ་ས་གནས་སོ་སོས་ལས་ཤོེར་ཉེན་འགོག་གི་ལྟ་རྟོག་མཐོར་འདེགས་སུ་གཏོང་རྒྱུ་དང་།ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ།ལས་ཤོར་ཉེན་འགོག་ལ་ཁ་གསབ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་སོགས་རྒྱུ་རྐྱེན་སྣ་ཚོགས་སྐོར་བསམ་བློ་ལེགས་པ་གཏོང་བའི་རྨང་གཞིའི་ཐོག་གཏན་འབེབས་བྱེད་དགོས་རྒྱུ་གཏན་ཁེལ་བྱས་ཡོད།ཐོག་མར་ཚོད་རྩིས་བྱས་པར་གཞིགས་ན་གྲོན་དངུལ་ཉུང་འཕྲི་གཏོང་བའི་བྱེད་ཐབས་དེ་ལས་ལོ་རེར་ཁེ་ལས་དང་ལས་བཟོ་པའི་ཁུར་པོ་མ་དངུལ་སྒོར་དུང་ཕྱུར་༤༠༠ཇེ་གཡང་དུ་གཏོང་རྒྱུ་ཡིན་པ་རེད། 

        དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་སློབ་རོགས་བྱེད་པའི་ནུས་ཚད་ཤུགས་ཆེ་རུ་གཏོང་བ་དང་།འཇོན་ཐང་ཅན་གྱི་ཤེས་ལྡན་མི་སྣ་མགྱོགས་པོ་གསོ་སྐྱོང་བྱེད་ཆེད།གྲོས་ཚོགས་ལས་༢༠༡༥ལོའི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཐོ་འབྲིང་སློབ་ཆེན་དཀྱུས་མར་རྒྱལ་ཁབ་ཀྱི་སློབ་རོགས་བྱེད་པའི་མ་དངུལ་ཚད་གཞི་འཛིན་ས་དེ་སློབ་མ་རེ་ལོ་རེར་སྒོར་༡༥༠༠ཡིན་པ་ནས་༢༠༠༠ལ་ཟིན་པ་ཡར་མཐོ་གཏོང་རྒྱུ་རེད།དེ་མ་ཚད་སློབ་གྲྭ་ཆེན་མོར་སློབ་རོགས་དངུལ་བུན་གཏོང་བའི་སྲིད་ཇུས་ཞིབ་འཇུག་དང་ལེགས་སུ་གཏོང་བ་དམ་འཛིན་བྱས་ཏེ།དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་སློབ་གཉེར་ལས་ཐར་བ་རོགས་རམ་དང་།རྒྱལ་ཁབ་ལ་འཇོན་ནུས་ལྡན་པའི་ཤེས་ལྡན་མི་སྣ་དང་འཛུགས་བསྐྲུན་བྱེད་མཁན་གསོ་སྐྱོང་བྱེད་རོགས་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 

       གྲོས་ཚོགས་ལས་ད་དུང་གཞན་པའི་དོན་ཚན་ལ་ཞིབ་འཇུག་ཀྱང་གནང་ཡོད་པ་རེད། 

                                                                                               ཡིག་སྒྱུུར།བཀྲ་ཤིས་ཉི་མ།