རྒྱལ་ནང་གསར་འགྱུར།

ཝང་དབྱང་གིས་རྒྱ་ཆེའི་གྲོང་གསེབ་ཀྱི་ན་གཞོན་རྣམས་ཧུར་ཐག་གིས་ལས་རིགས་གསར་སྐྲུན་བྱེད་པའི་ནང་ཞུགས་དགོས་པའི་སྐུལ་མ་གཏོང་ཡོད་པ།

སྤེལ་དུས།    2015-01-29

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་ཚེས་༢༨ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ན་གཞོན་པའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་དང་།རྒྱལ་ཡོངས་ཀྱི་གྲོང་གསེབ་ཕུལ་བྱུང་ན་གཞོན་སྐུ་ཚབ་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་པ།ཁོང་གིས་གྲོང་གསེབ་ཀྱི་ན་གཞོན་ནི་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ནུས་ཤུགས་གལ་ཆེན་ཞིག་ཡིན་པས།འགན་འཁྲི་བློ་ལ་ངེས་པ་དང་གསར་སྐྲུན་མདུན་སྐྱོད་བྱས་ཏེ།དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་པ་ཞིག་བྱེད་གང་ཐུབ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་སྔོན་སྐྱོད་པ།གྲོང་གསེབ་ཀྱི་དཔལ་ཡོན་དང་སྤྱོད་བཟང་ལ་ཁྲིད་སྟོན་དང་ལག་བསྟར་བྱེད་མཁན་ཞིག་བྱེད་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

   ཝང་དབྱང་གིས་ང་ཚོའི་རླབས་ཆེན་གྱི་དུས་རིམ་འདི་ཡིས་གྲོང་གསེབ་ཀྱི་ན་གཞོན་ལ་འཇོན་ནུས་མངོན་པ་དང་།ལས་རིགས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་རྒྱ་ཆེ་བའི་ལས་སྟེགས་ཞིག་འདོན་སྤྲོད་བྱེད་ཡོད།གྲོང་གསེབ་ན་གཞོན་གྱི་ལས་རིགས་གསར་སྐྲུན་བྱེད་ཕོད་པ་དང་།གཞི་ཁྱོན་ཆེ་བའི་བདག་གཉེར་དང་གཅིག་བསྡུས་དང་གྲོན་ཆུང་གི་བདག་གཉེར་བྱེད་པ་ཤུགས་ཆེན་འཕེལ་རྒྱས་གཏོང་དགོས།གནོད་མེད་ཞིང་ལས་དང་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་ནས།ཕྱོགས་བསྡུས་ཀྱི་འཕེལ་རྒྱས་གཏོང་བ་དང་སྦྲེལ་མཐུད་དུ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་དགོས།གསར་སྐྲུན་བྱེད་ཕོད་པ་དང་ཧུར་ཐག་གིས་དྲ་འབྲེལ་སོགས་ཚན་རིག་ལག་རྩལ་གསར་པ་བེད་སྤྱོད་བྱས་ཏེ།ཐོན་སྐྱེད་བདག་གཉེར་བྱེད་པའི་འདུ་ཤེས་གསར་པ་བཞེང་པ་དང་ཐོན་ལས་གསར་པའི་གནས་བབ་ལ་ཁྲིད་སྟོན་བྱེད་ཐོག་བདག་གཉེར་བྱེད་པའི་རྣམ་པ་དང་ཐབས་ལམ་གསར་པ་གདལ་ཁྱབ་གཏོང་དགོས།སྤུས་ལེགས་གསར་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཧུར་ཐག་གིས་ཁྱད་ལྡན་གྱི་ཁྱིམ་ཚང་གི་ཞིང་ར་དང་ཞིང་ལས་མཉམ་ལས་ཁང་།ཞིང་ལས་ཁེ་ལས་གཙོ་བོ་སོགས་གསར་འཛུགས་བྱེད་ཞིང་།ཐོན་ལས་སྦྲེལ་མཐུད་དང་འདོན་སྤྲོད་སྦྲེལ་མཐུད།རིན་ཐང་སྦྲེལ་མཐུད་སོགས་དེང་རབས་ཐོན་ལས་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་རྩ་འཛུགས་བྱེད་སྟངས་དེ་ཞིང་ལས་ཕྱོགས་སུ་ཁྲིད་ནས།སྤུས་ལེགས་དང་བདེ་འཇགས་ཀྱི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་དགོས་ལ།གྲུབ་འབྲས་བཟང་པོ་གསར་སྐྲུན་བྱེད་གང་ཐུབ་བྱེད་དགོས།ཤེས་བྱ་སྦྱོང་བར་ཤུགས་སྣོན་བརྒྱབ་ནས་ཁུག་མ་ཕྱུག་པོ་ཡོང་བ་དང་ཀླད་པ་ཕྱུག་པོ་ཡོང་བ་བྱེད་དགོས་ཅིང་།འདུ་ཤེས་གསར་པ་དང་མཐོང་རྒྱ་ཆེ་བ།ནུས་པ་ལྡན་པ།བདག་གཉེར་བྱེད་མཁས་པའི་དུས་རིམ་གསར་པའི་དབྱིབས་གསར་ཅན་གྱི་ཞིང་པ་ཞིག་བྱེད་དགོས་ལ།མཛེས་སྡུག་ལྡན་པའི་གྲོང་གསར་འཛུགས་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས།ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་གྲོང་གསེབ་ཀྱི་ན་གཞོན་ལས་བརྩོན་དང་བྱ་གཞག་ཐད་གྲུབ་འབྲས་ཐོབ་པ་བྱེད་པའི་ཁོར་ཡུག་གསར་སྐྲུན་བྱེད་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

                                                                                                                                                                                   ཡིག་སྒྱུར་པ།བཀྲ་ཤིས་ཉི་མ།