རིག་རྩལ་འཕྲིན་གསར།

« ཐོགས་མེད»ཅེས་པའི་གློག་བརྙན་འབེབ་མགོ་བརྩམས་འདུག

སྤེལ་དུས།    2014-09-23

« ཐོགས་མེད»ཅེས་པའི་གློག་བརྙན་འབེབ་མགོ་བརྩམས་འདུག
ནག་རུ་བཀྲ་སྐྱབས།
《ཐོགས་མེད》ཅེས་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་གཙོ་བོ་དང་འཁྲབ་གཞུང་རྩོམ་པ་པོ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི“ཁ་བརྡ”ལེ་ཚན་གྱི་མདོ་འཛིན་པ་བཀྲ་ལོ་ཡིན་ལ། འཁྲབ་ཁྲིད་པ་གཞོན་པ་ནི་ནག་རུ་བཀྲ་སྐྱབས་ཡིན། དངོས་བཤུས་བརྙན་ལེན་པ་མཁར་བྱམས་ཡག་ཡིན་ལ། མི་སྣ་གཙོ་བོ་ཐོགས་མེད་དང་ཐོགས་མེད་ཀྱི་ཆུང་མ་གཉིས་ནི་སྐར་མ་རྡོ་རྗེ་དང་ཕུན་ཚོགས་སྐྱིད་གཉིས་ཀྱིས་འཁྲབ་ཡོད། དེ་བཞིན་ཕྱི་རྒྱ་ཀླུ་རྒྱལ་ཚེ་རིང་དང་རྡོ་མོ། ཀརྨ་རྡོ་རྗེ། སྒྲོལ་ཙིག་སོགས་ཀྱིས་ཀྱང་འཁྲབ་སྟོན་གནང་ཡོད་འདུག གློག་བརྙན་འདི་ནི་ལོ་རབས་དགུ་བཅུ་བའི་ནང་མདོ་སྨད་འབྲོག་ཁྱིམ་ཞིག་གི་འཚོ་བ་གཞིར་བཟུང་ཞིང་། སྤྱི་ཚོགས་གསར་རྙིང་གི་བསམ་བློའི་འགལ་འདུའི་ཁྲོད་མཚར་ལོངས་བྱུང་བའི་ན་གཞོན་ཐོགས་མེད་ཅེས་པ་ཞིག་གི་འགྲོ་འདུག་ཀུན་སྤྱོད་དང་དགའ་སྐྱོ་ཆགས་སྡང་གིས་སྣ་དྲངས་ཏེ། ཕ་མའི་དྲིན་ལན་དང་ཕོ་མོའི་བརྩེ་དུངས། རྒྱུ་འབྲས་བློ་མིག་དང་འཁོར་བ་རྟེན་འབྱུང་སོགས་ལ་འབྲེལ་ནས་མི་དང་ཁོར་ཡུག་གིས་བསྐྱེད་པའི་གཤིས་སྤྱོད་གོམས་ལུགས་ཀྱི་ས་བོན་དེའང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཞིང་ས་ལས་སྨིན་པ་ཡིན་མོད། དེའང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ཡན་ལག་གི་ཁ་དོག་སྣ་ཚོགས་ཤིག་ཏུ་འགྱུར་བཞིན་པའི་སྣང་ཚུལ་བསྟན་པ་ཞིག་ཡིན་འདུག